>>>>>> མ་འོངས་ཕུགས་འདུན་ཕྱོགས་བསྒྲིགས་དང་པོ།
ཉེ་བའི་ལོ་ཁ་ཤས་ཀྱི་རིང་ལ། ང་ཚོའི་ཕ་མེས་ཡང་མེས་ནས་བརྒྱུད་པའི་རོང་འབྲོག་གི་ཞིང་ཕྱུགས་ལས་གཉེར་སྟངས་གཙོ་བོར་གྱུར་བའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པ་དང་། ང་ཚོའི་འཚོ་གནས་ལ་གཞུང་གི་སྲིད་ཇུས་དང་ཕྱིའི་དཔལ་འབྱོར་གྱི་གནོན་ཤུགས་ཆེན་པོ་ཕོག་བཞིན་ཡོད། གནོན་ཤུགས་འདི་དག་ནི་གློ་བུར་རྐྱེན་མེད་དུ་བྱུང་བ་ཞིག་མ་ཡིན་པར་གཞུང་གི་སྲིད་ཇུས་རྒྱ་ཆེན་པོའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མངོན་གསལ་དུ་སྣང་ཞིང་། སྲིད་ཇུས་འདི་དག་གིས་འཆར་གཞི་དང་སྒྲིག་འཛུགས་ལྡན་པའི་ངང་ང་ཚོའི་རང་ཡུལ་གྱི་དཔལ་འབྱོར་སྒྲིག་གཞི་ལ་གཏོར་བརླག་དང་འགྱུར་བ་བཏང་ནས་བོད་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་གཞན་བརྟེན་ཅན་ལ་བསྒྱུར་བས། ད་ལྟ་ང་ཚོའི་བོད་ཀྱི་ཁྱིམ་ཚང་མང་པོས་ཉིན་ལྟར་མཁོ་བའི་འཚོ་བའི་རྒྱུ་ཆ་དག་རྒྱ་ནག་གི་ཚོང་ཁང་ལ་མ་བརྟེན་ཚེ་རང་རྐྱ་འཕེར་བའི་ངང་འཚོ་བ་སྐྱེལ་ཐབས་མེད་པར་གྱུར་འདུག འདི་ལྟར་རིམ་བཞིན་ང་ཚོའི་དཔལ་འབྱོར་གཞན་བརྟེན་ཅན་དུ་འགྱུར་རྒྱུའི་ཉེན་ཁ་ཤུགས་ཆེ་རུ་ཕྱིན་ཚེ། ང་ཚོས་དཔལ་འབྱོར་གྱི་ཐད་རང་སྟོབས་རང་སྤེལ་བྱ་རྒྱུའི་ནུས་ཤུགས་རང་བཞིན་གྱིས་ཉམས་དམས་སུ་འགྲོ་ངེས་པ་དང་། དེ་ལ་བརྟེན་ནས་ང་ཚོ་རང་ཉིད་ནུས་མེད་ཉམ་ཆུང་རང་ཁ་རང་གསོ་བྱེད་མི་ཐུབ་པའི་མི་རིགས་ཤིག་ཏུ་འགྱུར་ངེས།
ད་ལྟའི་དཔལ་འབྱོར་འགྲོ་ལུགས་འདིས་ཚད་རིམ་འདྲ་མིན་གྱི་ཐོག་ནས་བོད་མི་རྣམས་ཀྱི་དཔལ་འབྱོར་ལ་དོ་མི་སྙོམས་པའི་གཏོར་བརླག་ཚབས་ཆེན་བཏང་ཡོད། དེ་བས་དེང་སྐབས་བོད་མི་སྒེར་བའི་ངོས་ནས་ཟས་གོས་གནས་མལ་སོགས་དཔལ་འབྱོར་གྱི་མཐུན་རྐྱེན་ཡག་ཏུ་སོང་ཡོད་པ་ལྟར་སྣང་ནའང་། བོད་མི་སྤྱིའི་ཆ་ནས་མི་རིགས་ཀྱི་རིན་ཐང་ལྟ་བ་དང་། སྐད་དང་ཡི་གེ འཚོ་བའི་གོམས་གཤིས་སོགས་རང་གི་ངོ་བོ་མ་བརླག་པའི་ཐོག་ནས་ཡར་རྒྱས་འགྲོ་རྒྱུའི་ལམ་ཁ་ཡོངས་སུ་འགག་སྟེ། རྒྱ་ཆེ་ས་ནས་བོད་མིའི་སྲིད་འབྱོར་རིག་གསུམ་གྱི་ཁེ་དབང་དག་ཡོངས་སུ་ཤོར་བཞིན་འདུག
དེང་སྐབས་ང་ཚོའི་འཚོ་ཐབས་ལ་རང་སྟོབས་ཀྱི་འབད་བརྩོན་ལས་ཀྱང་ཚོང་རའི་རིན་གོང་མཐོ་དམའ་ཡི་འགྱུར་ལྡོག་དང་གཞུང་གི་སྲིད་ཇུས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེ། སྤྱི་ལོ་༢༠༢༢་ལོའི་ཏོག་དབྱིབས་རིམས་ནད་ཀྱི་བཀག་སྡོམ་ལས་བྱུང་བའི་དཀའ་ངལ་ནི་དཔེ་མཚོན་གཙོ་བོ་ཞིག་རེད། སྐབས་དེར་བོད་ཀྱི་གྲོང་ཁྱེར་དང་འདུས་གྲོང་དག་ལ་ཟ་མ་ཆད་ཅིང་དཔལ་འབྱོར་གྱི་དཀའ་ངལ་བྱུང་ནས་ང་ཚོར་དཔལ་འབྱོར་རང་མགོ་རང་ཐོན་བྱ་དགོས་པ་དང་འཚོ་བ་རང་ཁ་རང་གསོ་བྱ་དགོས་པའི་སྐུལ་མ་དང་གསལ་འདེབས་བྱས་ཤིང་། མུ་མཐུད་ནས་གཞན་བརྟེན་གྱི་འཚོ་བ་སྐྱེལ་མི་འོས་པའི་ཉེན་བརྡ་བཏང་ཟིན།
བོད་མི་རིགས་ཀྱི་མ་འོངས་པའི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ན། ང་ཚོར་སྔར་ནས་ཡོད་པའི་ལག་ཤེས་བཟོ་ལས་སོགས་དང་འབྲེལ་བའི་ལག་རྩལ་གྱི་རྨང་གཞི་བརྟན་པོ་བྱས་ཤིང་། དེ་ལ་བརྩི་མཐོང་ཚད་ལྡན་ཡོད་པའི་ཐོག་ནས། བོད་ས་རང་ནས་དཔལ་འབྱོར་གྱི་ལམ་ཁ་གསར་གཏོད་བྱ་རྒྱུ་དང་དཔལ་འབྱོར་གྱི་ནུས་པའི་རྒྱུན་བསྲིངས་ཏེ་ཡར་རྒྱས་སུ་གཏོང་དགོས། ང་ཚོས་ཆེ་མཐོང་ཡོད་པ་དང་། ནུས་སྟོབས་ལྡན་པ། རྒྱུན་བསྲིང་ཐུབ་པ་བཅས་ཀྱི་ངོས་ནས་དེང་རབས་ཁྲོམ་རའི་དཔལ་འབྱོར་དོན་གཉེར་ལ་དཔུང་འཇུག་བྱས་ཏེ་ང་ཚོའི་མ་འོངས་བའི་ལམ་ཁ་བསྐྲུན་དགོས་ཤིང་། ང་ཚོའི་མ་འོངས་བ་ནི་གཤམ་གྱི་གནད་དོན་གཙོ་བོ་འདི་དག་ལ་རག་ལས་པར་སྙམ།
བོད་མིའི་བདེ་སྡུག་དང། བོད་ཀྱི་རིག་གནས་རྒྱུན་འཛིན། བོད་མིའི་མངའ་ཐང་བདག་དབང་། ཕ་མེས་ནས་བརྒྱུད་པའི་ས་ཆའི་བདག་དབང་སྲུང་འཛིན་བཅས་གཞི་ལ་བཞག་པའི་དཔལ་འབྱོར་གྱི་ལམ་ཁ་ཞིག་གསར་སྐྲུན་བྱས་ཏེ། བོད་མི་རྣམས་ལ་འཚོ་གནས་ཡར་རྒྱས་ཀྱི་གོ་སྐབས་མང་པོ་འཚོལ་རྒྱུ་དང་། བོད་ཀྱི་ཤེས་རིག་དུས་དང་མཐུན་པའི་ངང་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས་ལ། དེ་ལྟར་བྱུང་ཚེ་ང་ཚོ་ཐུན་མོང་གི་འཚོ་གནས་ལམ་ཁ་མང་རུ་འགྲོ་ཞིང་། ཕྱི་རྐྱེན་གྱི་བཀག་རྒྱ་ལས་བརྒལ་ནས་རང་མགོ་རང་ཐོན་གྱི་དཔལ་འབྱོར་ནུས་པ་སྟོབས་དང་ལྡན་པ་ཞིག་སྐྲུན་ཐུབ།
རང་མགོ་རང་ཐོན་གྱི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་སྐྲུན་བྱེད་པར་ང་ཚོས་ངེས་པར་དུ་རང་བདག་གི་ངོས་ནས་རྒྱུ་ནོར་དོ་དམ་དང་གཉེར་སྐྱོང་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ་དང་། དེ་དང་མཉམ་དུ་ང་ཚོས་རང་རྐྱ་འཕེར་བའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་འདིང་དགོས་ལ། འདིི་ལྟར་བྱས་ན་ང་ཚོ་རྒྱལ་ཁབ་ཀྱི་རོགས་དངུལ་གཅིག་པོར་བརྟེན་རྒྱུ་ཤུགས་ཆུང་རུ་འགྲོ་བ་དང་བོད་རང་གི་དངོས་ཡོད་གནས་སྟངས་གཞི་ལ་བཞག་པའི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་སྐྲུན་བྱ་ཐུབ་པ་གཤམ་གསལ་ལྟར་རོ།།
རང་མགོ་རང་ཐོན་གྱི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་སྐྲུན་བྱེད་པར་ང་ཚོས་ངེས་པར་དུ་རང་བདག་གི་ངོས་ནས་རྒྱུ་ནོར་དོ་དམ་དང་གཉེར་སྐྱོང་བྱ་རྒྱུར་མཐོང་ཆེན་བྱ་རྒྱུ་དང་། དེ་དང་མཉམ་དུ་ང་ཚོས་རང་རྐྱ་འཕེར་བའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་འདིང་དགོས་ལ། འདིི་ལྟར་བྱས་ན་ང་ཚོ་རྒྱལ་ཁབ་ཀྱི་རོགས་དངུལ་གཅིག་པོར་བརྟེན་རྒྱུ་ཤུགས་ཆུང་རུ་འགྲོ་བ་དང་བོད་རང་གི་དངོས་ཡོད་གནས་སྟངས་གཞི་ལ་བཞག་པའི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་སྐྲུན་བྱ་ཐུབ་པ་གཤམ་གསལ་ལྟར་རོ།།
བོད་པ་རང་གི་ཁེ་ལས་དང་མཉམ་འབྲེལ་ཁེ་ལས་ཡར་རྒྱས་གཏོང་རྒྱུ་དང་། བོད་ཀྱི་ཐུན་མིན་རིག་གནས་རྒྱུན་འཛིན། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུ་དང་འབྲེལ་ནས་དཔལ་འབྱོར་ནུས་ཤུགས་ཡར་རྒྱས་གཏོང་རྒྱུ།
ང་ཚོས་འདི་ལྟ་བུའི་དཔལ་འབྱོར་འཛུགས་སྐྲུན་གྱི་ལམ་ཁ་ཞིག་བརྒྱུད་ནས་ཁེ་ཚོང་སོགས་ལས་དོན་ཅི་ཞིག་ཡིན་རུང་འཕྲལ་ཕུགས་གཉིས་སུ་བོད་མི་ལ་ཕན་པ་ཞིག་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་ཐུབ་པ། ང་ཚོའི་ཐོན་ཁུངས་ང་ཚོར་དབང་བ་དང་ང་ཚོའི་འཚོ་ཐབས་ཀྱི་ལམ་ཁ་ང་ཚོ་རང་ཉིད་ཀྱིས་བདམས་ཆོག་པ་ཞིག་བྱ་རྒྱུ་དེ་རེད། འདི་ནི་ང་ཚོའི་འཚོ་ཐབས་གཅིག་པུའི་ཆེད་དུ་མ་ཡིན་པར། མ་འོངས་པར་བོད་མི་རྣམས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མ་བོར་ཞིང་། རང་ས་རང་ཡུལ་དུ་རང་དབང་དང་བརྩི་མཐོང་ཡོད་པའི་སྒོ་ནས་བུ་རབས་ཚ་རྒྱུད་འཚོ་གནས་བྱ་ཐུབ་པའི་ཆེད་དུ་ཡིན་ནོ།
གཤམ་ཏུ་དེང་སྐབས་བོད་མི་རྣམས་ཀྱི་འཚོ་བའི་བརྟེན་ས་དང་དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོར་གྱུར་བའི་ཞིང་ལས་དང་། དབྱར་རྩྭ་དགུན་འབུའི་ཚོང་ལས། ལག་ཤེས་ཐོན་རྫས། རང་བྱུང་ཁོར་ཡུག་དང་མཐུན་པའི་ཡུལ་སྐོར་སྤྲོ་འཆམ། འབྲོག་ལས་ཐོན་རྫས་སོགས་ཀྱི་སྐོར་ནས་ཞིབ་འཇུག་བྱས་ཡོད། ལས་རིགས་འདི་དག་གི་ཁྱབ་ཁོངས་སུ་ང་ཚོས་མུ་མཐུད་དུ་འཆར་གཞི་ལྡན་པའི་ངང་ཡར་རྒྱས་གཏོང་ཐུབ་སྟེ། ས་གནས་དང་འཚམ་པའི་ལག་རྩལ་བརྒྱུད་རྒྱུན་བསྲིང་ནས་ཞིང་ལས་འཕེལ་རྒྱས་གཏོང་ཐུབ་པ་དང་། དབྱར་རྩྭ་དགུན་འབུ་ཡང་བར་ཁེ་ཟ་མཁན་མེད་པའི་ཐོག་བོད་མི་རང་གིས་ཐད་ཀར་ལས་སྣོན་དང་ཚོང་སྒྱུར་བྱ་ཐུབ་ཚེ་ཚོང་གི་ཁེ་ཕན་མང་པོ་འཐོབ་ཐུབ་པ། བོད་ས་རང་གི་ལག་ཤེས་བཟོ་ལས་རྒྱ་བསྐྱེད་བྱ་ཐུབ་ཚེ་སྲོལ་རྒྱུན་རིག་རྒྱུན་འཛིན་བྱེད་པའི་ཞོར་དུ་ལས་ཞུགས་ཀྱི་གོ་སྐབས་ཡང་སྐྲུན་ཐུབ་པ། བོད་ཡུལ་ནི་ས་རྒྱ་ཆེ་ཞིང་རང་བྱུང་ཁོར་ཡུག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ཡུལ་སྐོར་ལས་རིགས་གཉེར་རྒྱུའི་མཐུན་རྐྱེན་དང་གོ་སྐབས་མང་པོ་ཡོད་ལ། ཞིང་ལས་དང་འབྲོག་ལས་བརྒྱུད་ནས་བྱུང་བའི་མར་ཆུར་འོ་གསུམ་སོགས་ལ་ལས་སྣོན་གྱིས་ཚོང་རྫས་སུ་བསྒྱུར་ཐབས་ལ་འབད་རྒྱུ་ནི་ང་ཚོ་བོད་ཀྱི་དཔལ་འབྱོར་འདི་སྤྱིའི་ཆ་ནས་རང་མགོ་རང་ཐོན་་ཞིག་བྱ་ཐུབ་རྒྱུའི་ལམ་ཁ་གལ་ཆེན་དག་གོ།
བོད་ཀྱི་ལག་ཤེས་བཟོ་ལས། ཐོན་སྐྱེད་རྒྱ་བསྐྱེད་དང་རྒྱུན་སྲིང་།
བོད་ཀྱི་ལག་ཤེས་བཟོ་རྩལ་ལས་རིགས་ཀྱི་དབྱེ་ཞིབ་སྣ་བཞི།
| སྟོབས་ཤུགས། | ཞན་ཆ། | གོ་སྐབས། | ཉེན་ཁ། |
|---|---|---|---|
| ཚད་དང་ལྡན་པའི་ཐུན་མིན་བོད་ཀྱི་ལག་ཤེས་རིག་གནས། | བལ་ཡུལ་དང་ཐེ་ལན་ཌི། རྒྱ་ནག་བཅས་ཀྱི་ནང་འདྲེན་གྱི་འགྲན་རྩོད་ཆེ་བ། | རྒྱ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་ནང་ཕྱིར་འཚོང་རྒྱ་བསྐྱེད་རྒྱུའི་གོ་སྐབས་ཡོད་པ། | སྲོལ་རྒྱུན་གྱི་ཐུན་མིན་ལག་རྩལ་རྒྱུད་སྤེལ་བྱ་ཐུབ་ཀྱི་མེད་པ། |
| སྲོལ་རྒྱུན་གྱི་ཆེད་ལས་ཤེས་ལྡན་མི་སྣའི་ངལ་རྩོལ་ནུས་ཤུགས་ལྡན་པ།། | རྨང་གཞིའི་སྒྲིག་བཀོད་མེད་པའི་རྐྱེན་གྱིས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཐོན་སྐྱེད་འཛུགས་སྐྲུན་བྱེད་དགོས་བྱུང་བ། ཚོང་ལས་ཁྱབ་སྤེལ་ཤུགས་ཆེན་པོ་བྱེད་ཐུབ་ཀྱི་མེད་པ་དང་། ཚོང་རྟགས་དང་ཟོང་རྟགས་ཅན་གྱི་ཐོན་རྫས་ཀྱི་རྣམ་གྲངས་ཉུང་བ། | ཕྱི་ཕྱོགས་ཚོང་འབྲེལ་ལ་དམིགས་ནས་ཚོང་ལས་སྡེ་ཁག་དང་མཉམ་ལས་བྱ་རྒྱུའི་གོ་སྐབས་ཡོད་པ། | འཕྲུལ་ཆས་ཀྱིས་བཟོས་པའི་ཐོན་རྫས་དང་ལག་ཤེས་ཐོན་རྫས་བར་གྱི་རིན་གོང་གི་ཁྱད་པར་ཤུགས་ཆེ་བ། |
| སྤྱི་ཚོགས་དང་ཁོར་ཡུག་སོགས་ཀྱི་དཀའ་ངལ་སེལ་རྒྱུར་དམིགས་ཏེ་བཟོས་པའི་ཐོན་རྫས་དང་། ལག་བཟོས་ཐོན་རྫས་བཙོང་སའི་ཁྲོམ་ར་རྒྱ་ཆེ་རུ་འགྲོ་བཞིན་པ། | ཁ་བཏགས་སོགས་རང་ལ་མཁོ་བའི་ཐོན་རྫས་རང་གིས་བཟོ་ཐུབ་ཀྱི་མེད་པ། | ས་གནས་ཀྱི་ལག་ཤེས་བཟོ་གྲྭ་ཕན་ཚུན་བར་དང་མ་རྒྱུ་བཙོང་མཁན་སོགས་ཀྱི་བར་མཉམ་འབྲེལ་བྱ་རྒྱུའི་གོ་སྐབས་ཡོད་པ། | རང་གི་སྲོལ་རྒྱུན་གྱི་ལག་རྩལ་རང་གིས་སྤྱོད་མ་ཐུབ་པར་གཞན་ལ་ཤོར་བཞིན་པ། |
| ཡུལ་སྐོར་བ་ལ་དམིགས་ནས་དམིགས་བསལ་ཐོན་རྫས་བཙོང་རྒྱུའི་གོ་སྐབས་ཡོད་པ། | རང་གི་སྲོལ་རྒྱུན་གྱི་ལག་རྩལ་རང་གིས་སྤྱོད་མ་ཐུབ་པར་གཞན་ལ་ཤོར་བཞིན་པ། | ||
| དྲྭ་ལམ་བརྒྱུད་ལག་ཤེས་ཐོན་རྫས་ཕྱིར་འཚོང་བྱ་རྒྱུའི་གོ་སྐབས་ཡོད་པ། | རིན་གོང་དམའ་བའི་ཞིང་ལས་ཐོན་རྫས་རྫུན་མ་མང་བ། |
གཤམ་གྱི་སྐས་རིམ་ཅན་གྱི་དཔལ་འབྱོར་གྱི་སྒྲོམ་གཞི་འདིས་གཞི་རྒྱ་ཆུང་བའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཁེ་ལས་ཆུང་བའི་རིགས་དེ་གཞན་གྱིས་གདེང་འཇོག་དང་ངོས་འཛིན་ཡོད་ལ། རྒྱུན་སྲིང་ཐུབ་པའི་ཁེ་ལས་སུ་བསྒྱུར་ནས། ལག་ཤེས་མི་སྣ་དང་བོད་ཀྱི་སྤྱི་ཚོགས་གཉིས་ཀར་ཁེ་ཕན་ཆེན་པོ་སྒྲུབ་ཐུབ་ལ། གཞན་ཡང་སྒྲོམ་གཞི་འདི་ལ་བསྟེན་ན་བོད་ཀྱི་ལག་ཤེས་བཟོ་ལས་ཀྱིས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་། དཔལ་འབྱོར་གྱི་གོ་སྐབས་གསར་བསྐྲུན། ཕུགས་རྒྱང་རིང་པོའི་སྤྱི་ཚོགས་ཡར་རྒྱས་ལ་ཕན་པའི་དཔལ་འབྱོར་གྱི་སྡེ་ཚན་སྟོབས་ཅན་ཞིག་ཏུ་འགྱུར་ཐུབ།
སྐས་རིམ་དང་པོ།
བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་ཤེས་རིག་གནས་རྒྱུད་འཛིན་དང་། སྤུས་ཚད་མཐོ་བའི་ཐོན་རྫས་བཟོ་སྐྲུན་གྱི་ཆེད་དུ། ལས་བཟོ་བའི་ལག་རྩལ་ཡར་རྒྱས་གཏོང་རྒྱུ། ལག་ཤེས་ཐོན་རྫས་ཀྱི་ཚོང་གཉེར་ལ་འཇུག་བཞིན་པ་དང་དེ་ལ་འཇུག་འདོད་མཁན་རྣམས་ཀྱིས་འདི་ལྟར་སྒྲུབ་འོས།
ཀ༽ ལག་རྩལ་སྦྱོང་བརྡར་དང་གོང་སྤེལ། ཐགས་འཐག་པ་དང་། ཤིང་བརྐོས། ཐང་ག་འབྲི་བ། ས་གདན་འཐག་པ། གསེར་དངུལ་གྱི་རྒྱན་ཆ་བཟོ་བ། འཇིམ་བཟོ། གོས་བཟོ་ལྟ་བུའི་སྲོལ་རྒྱུན་གྱི་ལག་ཤེས་ཡར་རྒྱས་གཏོང་རྒྱུར་དམིགས་སྦྱོང་བརྡར་སྤྲོད་རྒྱུ།
ཁ༽ རིག་གཞུང་སློབ་གསོ། ལག་ཤེས་བཟོ་རྩལ་པ་ཚོས་རང་ཉིད་ཀྱི་བཟོ་རྩལ་དང་འབྲེལ་བའི་རིག་གཞུང་གི་གལ་གནད་རྟོགས་ཐུབ་པ་བྱེད་དགོས། རང་ཉིད་ཀྱི་ལག་ཤེས་ཀྱི་ཐོན་རྫས་དང་རིག་གཞུང་བར་གྱི་འབྲེལ་བ་དེ་མཐུད་ཐུབ་ཚེ། ཐོན་རྫས་ཀྱི་བསམ་པའི་རིན་ཐང་ཇེ་ཆེར་གཏོང་ཐུབ་ལ། ལྷག་པར་དུ་རིག་གཞུང་སྲུང་སྐྱོབ་ལ་དམིགས་པའི་ཁྲོམ་ར་ཆུང་ཆུང་རྣམས་ལ་ཕན་ཐོགས་ཆེ།
ག༽ ས་གནས་ཀྱི་མཛུབ་སྟོན། ལག་ཤེས་བཟོ་རྩལ་པ་ཚོས་རང་ཉིད་ཀྱི་བཟོ་རྩལ་དང་འབྲེལ་བའི་རིག་གཞུང་གི་གལ་གནད་རྟོགས་ཐུབ་པ་བྱེད་དགོས། རང་ཉིད་ཀྱི་ལག་ཤེས་ཀྱི་ཐོན་རྫས་དང་རིག་གཞུང་བར་གྱི་འབྲེལ་བ་དེ་མཐུད་ཐུབ་ཚེ། ཐོན་རྫས་ཀྱི་བསམ་པའི་རིན་ཐང་ཇེ་ཆེར་གཏོང་ཐུབ་ལ། ལྷག་པར་དུ་རིག་གཞུང་སྲུང་སྐྱོབ་ལ་དམིགས་པའི་ཁྲོམ་ར་ཆུང་ཆུང་རྣམས་ལ་ཕན་ཐོགས་ཆེ།
སྐས་རིམ་གཉིས་པ།
རྒྱུ་ཆ་དང་ལག་ཆ། ཐུན་མོང་གི་ཐོན་ཁུངས་ལོངས་སྤྱོད། སྐས་རིམ་དང་པོ་ལག་བསྟར་བྱས་ཚར་ན། དེའི་རྗེས་ཀྱི་གལ་ཆེའི་སྐས་རིམ་ནི། ལས་ཆོད་ཆེ་རུ་གཏོང་བ་དང་། འགྲོ་གྲོན་ཆུང་དུ་གཏོང་བ། ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ་རྒྱུ་ཆ་དང་ལག་ཆ། ཐོན་སྐྱེད་ཀྱི་མཐུན་རྐྱེན་སོགས་ལེགས་བཅོས་བྱ་རྒྱུ་གལ་ཆེན་པོ་ཡིན། དོན་དག་འདི་དག་གི་ཐད་ཀྱི་འགག་རྩ་ནི།
ཀ༽ རྒྱུ་ཆ་འཚོལ་སྡུད། བལ་དང་རྩིད་པ། ཤིང་། རིན་པོ་ཆེ་ལྟ་བུའི་མ་བཅོས་རྒྱུ་ཆ་རྣམས་འོས་འཚམ་གྱི་གོང་ཚད་ཐོག་ནས་འཚོལ་སྡུད་བྱེད་ཐུབ་པའི་ཆེད་དུ་ས་གནས་སུ་འབྲེལ་བ་འཛུགས་དགོས། རྒྱུན་བསྲིང་ཐུབ་ཅིང་སྤུས་ཚད་མཐོ་བའི་ཐོན་ཁུངས་བསྐྲུན་ཆེད་ས་གནས་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱེད་མཁན་ཚོ་དང་མཉམ་ལས་བྱེད་དགོས།
ཁ༽ མཐུན་རྐྱེན་མཉམ་སྤྱོད། ལག་ཤེས་བཟོ་རྩལ་པ་ཚོས་རང་རང་སྒེར་གྱིས་ཉོ་མི་ཐུབ་པའི་རིན་གོང་ཆེ་བའི་ལག་ཆ་སྟེ། དཔེར་ན། འཐག་འཁོར་དང་། རྫ་མཁན་གྱི་ཐབ། ཤིང་བརྐོས་ལག་ཆ་ལྟ་བུ་སྤྱོད་ཆོག་སའི་ཚོགས་སྡེའི་ཟབ་སྦྱོང་འཛིན་གྲྭ་གསར་འཛུགས་བྱ་དགོས། འདི་དག་ཐོན་སྐྱེད་དང་། ཇུས་འགོད། ཐུམ་སྒྲིལ་བྱ་སའི་མཉམ་འབྲེལ་གྱི་ས་ཁོངས་ཡིན་ཆོག
ག༽ མཉམ་ལས་ཉོ་སྒྲུབ་མ་ལག ལག་ཤེས་བཟོ་རྩལ་པ་ཚོས་ཐོན་སྐྱེད་ཀྱི་འགྲོ་གྲོན་ཇེ་དམའ་རུ་གཏོང་ཆེད། ཐོན་ཁོངས་མཉམ་སྤུངས་བྱས་ཏེ་རྒྱུ་ཆ་ཕོན་ཆེན་ཉོ་སྒྲུབ་བྱེད་ཐུབ་པའི་མ་ལག་ཅིག་བསྐྲུན་དགོས།
སྐས་རིམ་གསུམ་པ།
བོད་ཀྱི་ལག་ཤེས་ཐོན་རྫས་ཀྱི་ཁྲོམ་ར་གསར་སྤེལ་དང་ཚོང་རྟགས་གསར་བཟོ། རྒྱུ་ཆ་དང་ལག་ཆ། ཐོན་ཁུངས་བཅས་ཐོབ་ཚར་རྗེས། བོད་ཀྱི་ལག་ཤེས་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིག་གནས་ཕྱུག་པོ་ཡོད་པ་གཙོ་གནད་ཏུ་བཟུང་སྟེ། ས་ཁུལ་དང་རྒྱལ་སྤྱིའི་རིམ་པའི་ཁྲོམ་ར་འཕེལ་རྒྱས་གཏོང་ཐབས་སུ་ཤུགས་སྣོན་རྒྱག་དགོས།
ཀ༽ ཚོང་རྟགས་གསར་བཟོ། བོད་ཀྱི་ལག་ཤེས་བཟོ་རྩལ་དང་ཤུལ་བཞག་རིག་གནས་མཚོན་ཐུབ་པའི་ཐུན་མོང་གི་ཚོང་རྟགས་ཤིག་ས་ཁུལ་སོ་སོ་ནས་གསར་འཛུགས་བྱ་རྒྱུ། ཚོང་རྟགས་དེའི་ནང་ཐོན་རྫས་ཀྱི་ཡིད་རྟོན་རང་བཞིན་དང་། སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཀྱི་རིན་ཐང་བཅས་ལ་ཤུགས་སྣོན་རྒྱག་གི་ཡོད་པའི་མཚོན་རྟགས་ཚུད་པ་བྱ་རྒྱུ།
ཁ༽ ཁྲོམ་ར་རྒྱ་བསྐྱེད། བོད་ཀྱི་ལག་ཤེས་ཐོན་རྫས་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་གསལ་སྟོན་བྱེད་པའི་ཁྲོམ་ར་རྒྱ་བསྐྱེད་ཀྱི་ལས་འགུལ་གོ་སྒྲིག་བྱ་རྒྱུ། གཏམ་རྒྱུད་ཀྱི་ལམ་ནས། འཛད་སྤྱོད་པ་ཚོ་ལག་ཤེས་པ་དང་ཁོང་ཚོའི་རིག་གནས་ཀྱི་རྒྱབ་ལྗོངས་ལ་འབྲེལ་བ་མཐུད་དགོས།
ག༽ དྲ་ལམ་གྱི་སྡིངས་ཆ། བོད་ཀྱི་ལག་ཤེས་ཀྱི་ཚོང་དོན་སྟེགས་བུ་སྟེ། ཐོན་རྫས་ཁག་རྒྱལ་སྤྱིའི་ཐོག་བཙོང་ཐུབ་པའི་དྲ་ཐོག་གི་ཁྲོམ་ར་གསར་འཛུགས་བྱ་རྒྱུ། ཁྱབ་ཆེ་བའི་མང་ཚོགས་ལ་སྙོབ་ཐུབ་པའི་ཆེད་དུ་ཐའོ་པའོ་(淘宝)ཡང་ན་ཨ་ལིས་པཱ་པཱ་(阿里巴巴)ལྟ་བུའི་དྲ་ཐོག་གི་སྡིངས་ཆ་ཁག་དང་མཉམ་འབྲེལ་བྱ་དགོས།
ང༽ རིག་གནས་ཡུལ་སྐོར་དང་མཉམ་བསྲེས། ལག་ཤེས་བཟོ་རྩལ་དེ་བོད་ཀྱི་རིག་གནས་ཡུལ་སྐོར་དང་མཉམ་བསྲེས་བྱ་རྒྱུ། ཡུལ་སྐོར་བ་ཚོས་ལག་ཤེས་བཟོ་གྲྭར་ལྟ་སྐོར་བྱེད་ཐུབ་ལ། ཐོན་སྐྱེད་ཀྱི་བརྒྱུད་རིམ་ལ་སློབ་སྦྱོང་བྱེད་ཐུབ་པ་མ་ཟད། ལག་བཟོས་ཐོན་རྫས་ཉོ་ཐུབ། དེ་ལྟར་བྱས་ན་ལག་ཤེས་བཟོ་རྩལ་པར་ཡོང་འབབ་འཕར་མ་བསྐྲུན་ཐུབ།
སྐས་རིམ་བཞི་པ།
ཐོན་རྫས་ཀྱི་སྤུས་ཚད་རྒྱུན་སྐྱོང་དང་ཚོད་འཛིན། ཐོན་རྫས་ཚང་མའི་སྤུས་ཀའི་ཚད་གཞི་གཅིག་མཐུན་ཡིན་པར་ཁག་ཐེག་བྱས་ཏེ། ཉོ་མཁན་གྱི་འདོད་བློ་ཚིམ་ཐུབ་པ་དང་། ཁྲོམ་ར་ཆེ་བ་ལ་སྙོབ་ཐུབ་པ་བྱ་རྒྱུ། ཐོན་རྫས་ཀྱི་སྤུས་ཀ་ཇི་ཙམ་གྱིས་མཐོ་རུ་བཏང་ན། བོད་ཀྱི་ལག་ཤེས་ཐོན་རྫས་ཀྱི་མིང་གྲགས་དེ་ཙམ་གྱིས་ཆེ་རུ་འགྲོ་ངེས་པས། འཛད་སྤྱོད་པ་ཚོས་ཐོན་རྫས་ལ་ཡིད་ཆེས་རྙེད་ན། དེའི་དགོས་མཁོ་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད་ལ། ལྷག་པར་དུ་རྒྱལ་སྤྱིའི་ཁྲོམ་རའི་ནང་འགྲོ་རྒྱུག་ཐུབ་པར་སྒུལ་ཤུགས་བསྐྲུན་ཐུབ། དམིགས་ཡུལ་འདི་འགྲུབ་ཆེད་གཤམ་གྱི་བྱེད་སྒོ་འདི་དག་ལག་བསྟར་བྱེད་དགོས།
ཀ༽ སྤུས་ཚད་ཚོད་འཛིན་མ་ལག ཐོན་རྫས་ཀྱི་སྤུས་ཚད་ཚོད་འཛིན་བྱེད་པར་ཚད་ལྡན་གྱི་གཅིག་གྱུར་ལམ་སྟོན་བཟོ་དགོས། འདིའི་ཁོངས་སུ་ལག་ཤེས་བཟོ་རྩལ་དང་རྒྱུ་ཆའི་སྤུས་ཚད། ཐོན་རྫས་ཀྱི་མཐའ་མའི་ལེགས་སྒྲིག་ལག་རྩལ་ལ་རྒྱུན་དུ་ཞིབ་བཤེར་བྱེད་རྒྱུ་བཅས་འདུས་ཡོད།
ཁ༽ འཛད་སྤྱོད་པའི་བསམ་ཚུལ་བསྡུ་རུབ། ཐོན་རྫས་ཀྱི་སྤུས་ཀ་མུ་མཐུད་ནས་ཡར་རྒྱས་གཏོང་ཆེད། འཛད་སྤྱོད་པའི་བསམ་ཚུལ་བསྡུ་ལེན་དང་དེར་ལན་འདེབས་མ་ལག་ཅིག་འཛུགས་དགོས།
སྐས་རིམ་ལྔ་པ།
ཐོན་སྐྱེད་རྒྱ་བསྐྱེད་དང་དཔལ་འབྱོར་རྒྱུན་སྲིང་། མི་ཤུགས་དང་མ་རྩ། མ་བཅོས་རྒྱུ་ཆ་སོགས་ས་གནས་ཀྱི་ཐོན་ཁུངས་དང་། ཁྲོམ་རའི་གོ་སྐབས། ལག་རྩལ་གོང་སྤེལ་བཅས་ལ་གོ་བ་ཡང་དག་པ་ཞིག་ལེན་ཐུབ་ན། བོད་ཀྱི་ལག་ཤེས་བཟོ་ལསཀྱི་གཞི་རྒྱ་ཆེ་རུ་གཏོང་ཐུབ་ལ། ཡོང་འབབ་རྒྱུན་འཁྱོངས་བྱེད་ཐུབ་པ་མ་ཟད། ཡུན་གནས་ཐུབ་པའི་དཔལ་འབྱོར་འཛུགས་བསྐྲུན་བྱེད་ཐུབ། ཁེར་རྐྱང་གིས་ངང་ནས་ལག་ཤེས་ཀྱི་ཚོང་ལས་ཆུང་ཙག་གཉེར་མཁན་དག་འཕེལ་རྒྱས་འགྲོ་བཞིན་པའི་བཟོ་གྲྭའི་ནང་ནུས་པ་འདོན་མཁན་གཙོ་བོར་འགྱུར་ཐུབ། ཐོན་རྫས་རྒྱ་སྐྱེད་དང་རྒྱུན་སྲིང་བའི་ཆེད་དུ་གཤམ་གསལ་ལས་དོན་ཁག་ལ་འབད་དགོས།
ཀ༽ ཐོན་སྐྱེད་རྒྱ་བསྐྱེད། ལག་ཤེས་བཟོ་གྲྭའི་ནང་གི་ལག་རྩལ་པའི་གྲངས་འབོར་སྤར་ཆེད། གཞི་རིམ་མི་མང་དང་། ལྷག་པར་དུ། ས་གནས་སུ་སྲོལ་རྒྱུན་གྱི་ལག་ཤེས་རིག་གནས་ཡོད་ཀྱང་གོ་སྐབས་རག་གི་མེད་པའི་བོད་མི་ཚོར་སྦྱོང་བརྡར་དང་ལས་ཀ་སྤྲོད་དགོས།
ཁ༽ ཐོན་རྫས་ཀྱི་ཐོན་རིམ་སྣ་མང་ཅན། ཁྱབ་ཁོངས་ཆེ་བའི་ཁྲོམ་རའི་ནང་འགྲོ་རྒྱུགས་ཆེ་བའི་ཐོན་རྫས་གསར་པ་གསར་སྤེལ་བྱེད་དགོས། དཔེར་ན། ཁྱིམ་གྱི་མཛེས་རྒྱན་དང་། དར་སྲོལ་ཆེ་བའི་ཅ་དངོས། ཡང་ན་སྣོད་བཅུད་ལ་ཕན་པའི་ཐོན་རྫས་ལྟ་བུ། དེ་ལྟར་བྱས་ན་རྒྱབ་ལྗོངས་མི་འདྲ་བའི་འཛད་སྤྱོད་པ་སྣ་ཚོགས་འགུག་ཐུབ།
ག༽ སྡེབ་ཚོང་དང་ཕྱིར་གཏོང་། སྡེབ་ཚོང་ཁང་དང་རྒྱལ་སྤྱིའི་ཚོང་ཁང་ཆེ་ཁག་དང་མཉམ་འབྲེལ་བྱེད་དགོས་ལ། དེ་ལྟར་བྱས་ན། ཕྱིར་གཏོང་ཁྲོམ་རའི་ཆེད་དུ་ཐོན་སྐྱེད་ཀྱི་གྲངས་འབོར་འཕར་སྣོན་གཏོང་ནུས།
སྐས་རིམ་དྲུག་པ།
མང་ཚོགས་ཀྱི་ནུས་པ་གོང་སྤེལ་དང་སྤྱི་ཚོགས་ལ་ཁེ་ཕན་བསྒྲུབ་པ། ལག་ཤེས་བཟོ་ལས་དང་དཔལ་འབྱོར་གྱི་སྡེ་ཚན་གཞན་གང་ཡིན་རུང་། ཚོང་ལས་ལེགས་འགྲུབ་དང་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་དེས། མཐར་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་པ་བསྒྲུབས་ཏེ། དངུལ་རྩའི་གྲུབ་འབྲས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་བཟང་པོ་ཞིག་བསྐྲུན་དགོས། དེས་འཚོ་བའི་ཆུ་ཚད་ཇེ་ལེགས་སུ་གཏོང་བ་དང་། གཞན་ལ་བརྟེན་མི་དགོས་པ། ཤེས་ཡོན་སློབ་གསོའི་གོ་སྐབས་ཐོབ་པ། བོད་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་ཐུབ།
དེ་ལྟ་བུའི་ཁེ་ཕན་འཐོབ་པར་ལས་དོན་འདི་དག་ལག་བསྟར་བྱེད་དགོས།
ཀ༽ ཁེ་སྤོགས་བགོ་བཤའ། ལག་ཤེས་བཟོ་ལས་བརྒྱུད་ནས་ཐོབ་པའི་ཡོང་འབབ་ཀྱི་ཆ་ཤས་ཤིག་ཤེས་ཡོན་དང་། འཕྲོད་བསྟེན། ཡང་ན་ས་གནས་ཀྱི་རྨང་གཞིའི་འཛུགས་སྐྲུན་སོགས་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞི་ཁག་གི་ཐོག་ཏུ་བསྐྱར་དུ་མ་རྩ་འཛུགས་པའི་ཁེ་སྤོགས་བགོ་བཤའི་ལམ་ལུགས་ཤིག་ལག་བསྟར་བྱེད་དགོས།
ཁ༽ སྤྱི་ཚོགས་ཡར་རྒྱས། ཁེ་སྤོགས་བེད་སྤྱད་དེ་ས་གནས་ཀྱི་ལས་གཞི་ཁག་ལ་མ་དངུལ་འདོན་སྤྲོད་བྱེད་དགོས། དཔེར་ན། བོད་རིགས་གཞོན་སྐྱེས་ཚོར་སློབ་ཡོན་གྱི་རོགས་དངུལ་དང་། ལག་ཤེས་བཟོ་རྩལ་པ་ཚོར་སྨན་བཅོས་ཀྱི་འགན་ལེན། ཡང་ན་ས་ཁུལ་དེའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་པ་ལྟ་བུ།
ག༽ རིག་གནས་སྲུང་སྐྱོབ། མ་འོངས་པའི་མི་རབས་གསར་པ་ཚོས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་གྱི་རིན་ཐང་ལ་མུ་མཐུད་ནས་བརྩི་འཇོག་དང་མཉམ་ཞུགས་བྱེད་པར་ཁག་ཐེག་བྱེད་ཆེད། བོད་ཀྱི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པའི་ལས་རིམ་གསར་འཛུགས་བྱེད་དགོས།
ང༽ སྤྱི་ཚོགས་ཁེ་ལས། ལག་ཤེས་པ་ཚོ་རང་ཉིད་ཀྱི་ཚོང་ལས་སམ་མཉམ་ལས་ཀྱི་འགོ་ཁྲིད་དུ་འགྱུར་རུ་བཅུག་སྟེ་ལས་ཀ་གསར་གཏོད་དང་བོད་མི་གཞན་དག་གི་ནུས་སྟོབས་གོང་འཕེལ་གཏོང་བའི་སྤྱི་ཚོགས་ཁེ་ལས་ལ་སྐུལ་འདེད་གཏོང་དགོས།
ལག་ཤེས་བཟོ་ལས་དེ་ལས་རིགས་ཆུང་ཆུང་ལྟ་བུ་ཞིག་ཏུ་སྣང་སྲིད་ཀྱང་། ང་ཚོ་ལྟ་བུའི་ལོ་རྒྱུས་རིང་བའི་སྲོལ་རྒྱུན་གྱི་མི་རིགས་ཤིག་ལ་ཆ་མཚོན་ན། དེ་ནི་དཔལ་འབྱོར་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་གྲུབ་ཡོད། དཔེར་ན། 2024/25 ལོའི་བལ་ཡུལ་གྱི་ལོ་འཁོར་བསྡོམས་རྩིས་ལྟར་ན། རྒྱལ་ཁབ་དེའི་ལག་བཟོ་དང་འཇིམ་བཟོའི་ཕྱིར་ཚོང་གི་བསྡོམས་འབོར་དམངས་སྒོར་དུང་ཕྱུར་ 6 ལྷག་བརྒལ་ཡོད་པ་དེས་རྒྱལ་ཁབ་དེའི་ཕྱིར་གཏོང་བསྡོམས་འབོར་གྱི་20%ཟིན་ཡོད། ལག་ཤེས་ཀྱི་ཐོན་རྫས་དེ་དག་ཨ་རི་དང་ཡུ་རོབ། ཉི་ཧོང་བཅས་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་60 ལྷག་གི་ཁྲོམ་རའི་ནང་དུ་སླེབས་ཡོད་ལ། དེའི་ནང་ནས་དམངས་སྒོར་དུང་ཕྱུར་3 ལྷག་གི་རིན་པའི་སྐུ་འདྲ་དང་། མཆོད་རྫས། ས་གདན། ཤིང་གི་ཁྱིམ་ཆས་བཅས་བོད་དང་རྒྱ་ནག་ལ་ཕྱིར་ཚོང་བྱས་ཡོད་པ་ལྟ་བུའོ།།
ལག་ཤེས་ལས་རིགས་ཀྱིས་བལ་ཡུལ་གྱི་དཔལ་འབྱོར་ལ་མངོན་གསལ་དོད་པོས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་ཟད། དངོས་ཟོག་ནང་འདྲེན་ལ་བརྟེན་མ་དགོས་པར་རང་ཁ་རང་གསོ་བྱེད་ཐུབ་པའི་ནུས་པའང་གསལ་སྟོན་བྱས་ཡོད། གངས་ཅན་བོད་ལ་མཚོན་ནའང་། ནང་འདྲེན་གཅིག་པུ་ལ་བརྟེན་པ་ཙམ་མ་ཡིན་པར། རང་གི་ལག་ཤེས་ཀྱི་ནུས་སྟོབས་ཆེ་རུ་གཏོང་བ་དང་། གཞན་རྟེན་གྱི་གནས་བབ་ཆུང་དུ་གཏོང་བ། ས་གནས་ཀྱི་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཡོད་པས། ང་ཚོས་རང་ཅག་གི་ལག་ཤེས་བཟོ་རྩལ་དང་གསར་སྐྲུན་ལས་རིགས་ཀྱི་ཁོངས་སུ་མ་རྩ་བཙུགས་ན། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐུབ་ལ། ལག་ཤེས་རིག་གནས་ཡུན་གནས་ཐུབ་པར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། མ་འོངས་པར་འོད་སྟོང་འབར་བའི་རང་མགོ་རང་ཐོན་གྱི་དཔལ་འབྱོར་མ་ལག་ཅིག་བསྐྲུན་ཐུབ།

